Thursday, August 21, 2014


སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་པ་ཡོངས་ལ་གདམས་པ།

བླམ་ ཆོས་སྐྱོང་།

༉ཨ་ཧོ༑ ཀ་དག་སྟོང་ཉིད་དབྱིངས་སུ་སྤྲོས་པ་ཀུན་བྲལ་ཡང་། །ཁ་དོག་སྣང་ཆའི་མཚན་དཔེའི་དཀྱིལ་འཁོར་དེ་རྫོགས་ཤིང་།

ག་བུར་ཐུགས་རྗེའི་བདུད་རྩི་ཕྱོགས་མེད་དུ་བརྡལ་བ། །ང་ཡི་བླ་མ་རབ་གསལ་ཟླ་བ་དེ་མཁྱེན་ནོ།

ཅ་ཅོས་གཞན་ལ་སྤང་བླ་ལེགས་བཤད་རེ་སྨྲ་ཡང་། །ཆ་ལུགས་རང་རྒྱུད་ཆོས་དང་ཡ་བྲལ་དུ་སོང་བ།

ཇ་ཆང་དུག་ཆུས་གཟིར་འདྲའི་སྤྲང་སྨྱོན་གྱི་ངག་ནས། །ཉ་མ་གཅེས་ཕྲུག་ཚོགས་ལ་སྙིང་གཏམ་ཞིག་འཆད་དོ།

ཏ་ཐཱ་ག་ཏའི་བསྟན་པ་ལུང་རྟོགས་ཀྱི་ཉིན་འབྱེད། །ཐ་མལ་སྙིགས་དུས་བྱིས་པའི་བསམ་སྦྱོར་ལ་སྐྱོ་བས།

ད་ནས་ཆུ་ལྡན་རི་བོའི་ཕང་པ་རུ་ཡིབ་རན། །ན་གཞོན་བསྟན་འགྲོར་སྙིང་སྟོབས་གོ་ཆ་ཞིག་གྱོན་དང་།

པ་ཏྲ་རི་མོ་ཅན་གྱི་ཁང་བཟང་དུ་བཞུགས་མཁན། །ཕ་མ་སློབ་དཔོན་རྒན་རབས་ལས་འབྲེལ་གྱི་སྤུན་ཟླ།

བ་མོས་བེའུར་སྐྱོང་འདྲའི་བརྩེ་གདུང་གི་སྒོ་ནས། །མ་ལུས་གོང་དུ་བཀུར་བ་ཡ་རབས་ཤིག་མཛད་དང་།

ཙ་རི་སྨྱུག་མ་ལས་ལྷག་རྟེན་བཟང་དེ་ཐོབ་ཚེ། །ཚ་ཟེར་ཅན་གྱི་ཟླ་མིན་ཐོས་བསམ་གྱི་སྒྲོན་མེ།

ཛ་ལང་སྤྱོད་ངན་ཆར་སྤྲིན་རང་ས་རུ་ཞི་བས། །ཝ་ལེར་བག་ཡོད་ངང་ནས་ལྔ་རིག་ལ་སྦྱོངས་ཤིག

ཞྭ་ལྟར་འཇམ་དབྱངས་བླ་མ་སྤྱི་བོ་རུ་སྒོམ་སྟེ། །ཟ་ཡུན་ཙམ་ལའང་གཡེལ་མེད་གཟུངས་སྔགས་དེ་བཟླས་ན།

འ་ཅག་འཆད་རྩོད་རྩོམ་པའི་བགྱི་བ་ལ་འབད་ཚེ། །ཡ་མཚན་ཆེ་བའི་ལུང་རིགས་ལྷ་མཆོག་གིས་སྩལ་འོང་།

རྭ་བ་ཙན་དན་ཚང་ཚིང་འཁྲིགས་པ་ཡི་ལྗོངས་སུ། །ལ་ལ་ཙམ་མིན་ཆོས་སྲིད་ཡོངས་རྫོགས་ཀྱི་མངའ་བདག

ཤ་ཚས་འབངས་ལ་བརྩེ་བ་བྱང་སེམས་ཀྱི་ཁྱད་ཆོས། །ས་བཅུའི་སེམས་དཔའ་དངོས་ཡིན་གཙུག་རྒྱན་དུ་འཁུར་དགོས།

ཧ་ཅང་སྐུ་དྲིན་ཆེ་བ་དཔལ་ལྡན་གྱི་འབྲུག་གཞུང་། །ཧ་ལམ་རང་དོན་སེམས་པས་དྲིན་ལན་དེ་འཇལ་དཀའ།

ཨ་རོགས་རྒྱུ་འབྲས་དཔང་བཙུགས་ངོ་ལྐོག་དང་བྲལ་བའི། །ཨ་ལ་ལ་ཧོའི་ཞབས་ཏོག་ལྷོད་མེད་དུ་སྒྲུབས་ཤིག

ཟབ་དོན་མཚར་སྡུག་རྫོགས་པའི་སྨིན་ལེགས་ཀྱི་མགྲིན་པར། །སྙན་ཚིག་ནོར་བུའི་རྒྱན་གྱི་སྤུད་པ་དེ་བྲལ་ཡང་།

འགའ་ལ་ཡིད་དབང་འགུགས་པའི་མཆོད་སྤྲིན་དུ་གྱུར་ན། །དགེ་བས་འགྲོ་ཀུན་འཇམ་དཔལ་གཞོན་ནུ་རུ་གྱུར་ཅིག

ཨེ་མ་རྗོད་བྱེད་གསལ་བྱེད་སུམ་ཅུ་ལ་བརྟེན་ནས། །བརྗོད་བྱ་ཆོས་དང་འཇིག་རྟེན་འདྲེས་མ་ཡི་བསླབ་བྱ།

སྤྲང་སྨྱོན་དྷརྨ་པཱ་ལ་སྐྱིད་ཉལ་གྱི་ངང་ནས། །མི་བདག་འཇིགས་རྣམ་བཤེགས་པའི་གཟིམ་ཁང་ནས་ཕུལ་ལོ།

ཞེས་པའང་ ཁྲོ་བོ་ཟད་པ་ཤིང་མོ་གླང་ལོ་སྨིན་དྲུག་ཟླ་བའི་སྐར་ཕྱོགས་དགེ་བར་ གསང་སྔགས་ཟབ་དོན་ཆོས་རྫོང་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག    

Wednesday, August 6, 2014

ལྷོ་བྲག་མཁར་ཆུའི་གནས་ཀྱི་དྲན་བསྟོད་ལྷག་བསམ་ཟླ་བའི་འཛུམ་ཟེར་བཞུགས་སོ། །
འབྲི་མི་ དྲུང་འཚོ་ ཤེས་རབ་འབྱོར་ལྡན།

ཨོཾསྭསྟི་བི་ཛ་ཡ། དུས་གསུམ་རྒྱལ་བ་ཀུན་འདུས་སྤྱི་གཟུགས་སུ་ཤར་བའི། །མཁྱེན་བརྩུ་ནུས་པའི་ཡོན་ཏན་གཅིག་བསྡུས་ཀྱི་ཕུང་པོ། །འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་གྱི་མགོན་གཅིག །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་སྙིང་དབུས་ནས་འདུད་དོ། །གུ་རུའི་ཐུགས་ཀྱི་དབེན་གནས་ལྷོ་བྲག་གི་མཁར་ཆུའི། །གནས་ཀྱི་བཞུགས་ཚུལ་རྣམ་པ་ཅུང་ཟད་ཅིག་འབྲི་ན། །གཏེར་བདག་གནས་ཀྱི་སྲུང་མ་དུར་སྨྱོན་དང་སེང་གསུམ། །ཆོས་བཞིན་གཡེལ་བ་མེད་པའི་སྟོངས་གྲོགས་ཤིག་མཛོད་ཅིག །ཨོ་རྒྱན་དུས་གསུམ་མཁྱེན་པའི་གནས་ཆེན་ལྔའི་ཡ་གྱལ། །ཐུགས་ཀྱི་དབེན་གནས་དུང་དཀར་གཡས་འཁྱིལ་དང་འདྲ་བའི། །ས་འཛིན་བ་གམ་ལྷུན་མཐོ་བར་སྣང་གི་དགུང་ན། །བྱིན་རླབས་ན་བུན་འཐིབས་པའི་ངོ་མཚར་གྱི་གནས་མཆོག །ཕུ་ན་ཤར་དུ་འོད་གསལ་ཆོས་རྫོང་གི་ལྷུན་པོ། །རྒྱབ་རི་རྡོ་རྗེ་ཕག་མོའི་རྣམ་པ་རུ་བརྗིད་ཆགས། །བར་དུ་གནས་མཆོག་ཁྱུང་གཤོག་ནམ་མཁའ་ཡི་རྫོང་ཆེན། །བྲག་རི་བྱ་ཁྱུང་བར་སྣང་ལྡིང་འདྲ་བཞིན་འཕྱོ་བ། །མདའ་ན་མཉམ་པ་མེད་པའི་སེངྒེ་ཡི་རྫོང་ཆེན། །ཞབས་ནས་འགྱུར་མེད་ཀ་བ་བཙུག་པ་ལྟར་ཆགས་ནས། །ཕྱོགས་བཞིར་རིང་བའི་གནས་བཞི་ཉེ་བ་ཡི་གནས་བཞི། །རྫོང་གསུམ་སོགས་ཀྱི་བསྐོར་བའི་ལྷོ་བྲག་གི་མཁར་ཆུ། །རི་རྒྱལ་དུང་དཀར་ལྟ་བུའི་ཞལ་བུག་གི་སྟེང་དུ། །སྤྱན་རས་གཟིགས་དངོས་འགྲོ་འདུལ་སྙིང་རྗེ་ཡི་དབང་ཕྱུག །ཀུན་མཁྱེན་པདྨ་དཀར་པོས་རྒྱ་ཆེན་གྱི་ཐུགས་བསྐྱེད། །བྱིན་བརླབས་ཕྱག་གིས་བཏབ་པའི་གཙུག་ལག་དེ་དྲན་བྱུང་། །གཙང་ཁང་རྟེན་གཙོ་ཨོ་རྒྱན་ཟ་ཧོར་གྱི་ཆ་བྱད། །ཐོག་ཚད་གསུམ་དུ་གང་བ་དེ་ཉིད་ཀྱི་ནང་གཟུངས། །མཚོན་གང་གུ་རུ་ཁྲི་ཁྲག་བཅུ་གཉིས་ནི་བརྒལ་ཙམ། །གཞན་ཡང་སྐུ་གསུང་ཐུགས་རྟེན་བསམ་ཡུལ་ལས་འདས་པའི། །ཚད་ལྡན་གཏེར་བྱོན་ངོ་མཚར་གྲངས་མེད་ཀྱི་བྱིན་ལྡན། །གཟུངས་ཞུགས་མཐོང་གྲོལ་ཨོ་རྒྱན་སྐུ་དངོས་འདྲའི་གཡས་སུ། །འོད་དཔག་མེད་མགོན་མཁན་པོ་ཞི་བ་འཚོ་གཉིས་དང་། །གཡོན་དུ་ཐུགས་ཆེན་ཡང་སྙིང་འདུས་པ་དང་ཆོས་རྒྱལ། །ཐོག་ཚད་ཙམ་རེ་ཁྱད་འཕགས་གཟི་བྱིན་གྱི་ཕུང་པོ། །དབུ་སྟེང་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཚོམ་བུ། །ལྡེབ་བྲིས་ཐོད་ཕྲེང་སྡེ་ལྔ་བླ་བརྒྱུད་དང་བཀའ་བརྒྱུད། །གིང་ཆེན་སྡེ་བཞི་གཏེར་སྟོན་རྒྱལ་པོ་ལྔ་བཞུགས་ཡོད། །སྔོན་གྱི་རྟེན་རྙིང་ཀུན་མཁྱེན་པད་དཀར་གྱིས་བཞེངས་པའི། །གསེར་ཟངས་བཅོམ་ལྡན་མི་འཁྲུགས་ཐོག་ཚད་གཅིག་ལྷག་ཙམ། །འཇིགས་རུང་ངན་སོང་འཇོམས་པའི་བྱིན་རླབས་ཀྱི་གཏེར་མཛོད། །ལྷོ་བརྒྱུད་འགྲོ་བའི་རྟེན་མཆོག་འགྲན་མེད་ཅིག་བཞུགས་ཡོད། །ནམ་སྙིང་སྐུ་ཕྲེང་དྲུག་པའི་གསེར་ཟངས་ཀྱི་མཆོད་རྟེན། །དཔང་དུ་མཐོ་ཚད་བཅུ་དགུ་ཁྱད་འཕགས་པའི་གཟུངས་ལྡན། །བྱེ་རུའི་སྡོང་པོ་དུང་དཀར་གཡས་འཁྱིལ་ལ་སོགས་པའི། །སྣ་ཚོགས་ནོར་བུའི་ཕྲ་རྒྱན་དཔག་མེད་ཀྱིས་མཛེས་བཞུགས། །དེ་སོགས་སྐུ་གསུང་ཐུགས་རྟེན་ཆེ་ཆུང་གི་སྣང་བརྙན། །བྱིན་རླབས་ས་སྟེང་འདི་ན་འགྲན་ཟླ་དང་བྲལ་བའི། །བགྲང་དང་ངེས་པ་བློ་ཡི་བསམ་ཡུལ་ལས་འདས་ཤིང་། །ངོ་མཚར་གསུང་བྱོན་རྣམ་པ་སྣ་ཚོགས་ཤིག་བཞུགས་ཡོད། །ཕུ་ཡི་རི་བོ་སྒྲོལ་མ་ཉེར་གཅིག་གི་རང་བྱོན། །ཧྃ་ཡིག་རྣམ་པས་མངོན་སུམ་གྲལ་རིང་དུ་བསྟར་བཞུགས། །གཡུ་ཡི་རྡོ་གཅལ་བཏིང་འདྲའི་གཡུ་སྒྲོན་གྱི་བླ་མཚོ། །དངུལ་གཞོང་ཇ་ཐང་བཀང་འདྲ་ཞིང་སྐྱོང་གི་བླ་མཚོ། །འཇིགས་རུང་མཚོ་ནག་རྦ་ཀློང་རྔམ་གཟིལ་དང་བཅས་ཏེ། །གློག་འཁྱུགས་ཉེ་སྐོར་རྩྭ་ཤིང་སྐམ་པོ་རུ་བྱས་པའི། །གཏེར་བདག་དགེ་བརྙེན་སྨྱོ་ཁའི་བླ་མཚོ་ལ་སོགས་པ། །སྒྲོལ་མའི་མདུན་དུ་ཡོན་ཆབ་ཕུལ་བ་བཞིན་མཆིས་སོ། །མདུན་གྱི་རི་བོ་རྒྱལ་བ་རིགས་ལྔ་ཡི་རང་བྱོན། །སོ་སོར་མ་འདྲེས་ལྷུན་པོར་བརྗིད་ཆགས་སུ་སྣང་བས། །དོན་ཡོན་གྲུབ་པའི་སྐེད་པར་རྒོད་ཚང་པའི་སྒྲུབ་ཕུག །སུ་ཡིས་མཇལ་ཡང་ཡ་མཚན་ཕུལ་ཕྱིན་གྱི་གནས་མཆོག །མདུན་ངོས་བྲག་གཡང་ལྟ་བར་མི་བཟོད་པའི་ལམ་འཕྲང་། །ཅུང་བགྲོད་བྲག་གི་བར་ན་དཀྱིལ་འཁོར་ཕུག་ཅེས་པར། །བདེ་གཤེགས་དཀྱིལ་འཁོར་ལྷ་བྲིས་མཁས་པ་ཡིས་བྲིས་འདྲའི། །ཨེ་མ་དེ་འདྲའི་རང་བྱོན་ངོ་མཚར་རང་ཆེ་འོ།